ཨེ་འཐུབ་ལྟོས

 



ཨེ་འཐུབ་ལྟོས།

༢༠༢༢།༥།༦་ཉིན།
ལེགས་པ་རྒྱལ་མཚན་མིང་ཅན་གྱིས་SAS SK 926་རྟགས་ཅན་གྱི་གནམ་གྲུའི་ནང་ནས་མཁའ་ལམ་དུ་སྦྱར་བའོ།
༼༡༽
གནམ་གྲུའི་ནང་ལ་འཛུལ།
གནམ་མཁའི་དབྱིངས་ལ་འཕུར།
འདུན་པ་རེད།
ལས་དབང་རེད།
གོ་སྐབས་རེད།
འདེམས་ཀ་རེད།
༼༢༽
སྙིང་པོ་ལེན་གྱི་འགྲོ།
དྲང་བདེན་བཙའ་གྱིན་འགྲོ།
ཞེད་སྣང་སྐྱེས་བཞིན་འགྲོ།
གདེང་ཚོད་མེད་ཀྱང་འགྲོ།
༼༣༽
ལ་ལས་ང་ལ་ངོ་མཚར་སྐྱེས།
ལ་ལས་ང་ལ་བླུན་པོར་མཐོང་།
དཔའ་བོས་ཉེན་ཁར་མི་འཛེམ་ངའི་ཡིད་འཕྲོག
མགོ་བདེ་ཁ་མཁས་མི་ཡི་ངའི་ཞེན་ལོག།
༼༤༽
ང་ནི་མགོ་བདེ་མིན་ལ་ཁ་མཁས་ག་ལ་ཡིན།
མི་ཤེས་ཤེས་ཏེ་ཤེས་འདོད་ཆེ་བས་ངའི་ཡིད་གདུང་།
གང་ཟག་མ་རྟོན་དམ་ཆོས་བདེན་གཉིས་ལུགས་ལ་རྟོན།
རྨོངས་པའི་ལག་ལྕགས་ཤེས་རྟོགས་ཐོ་བས་ངས་ཞིག་གོ།
༼༥༽
རང་བློ་རང་ལ་ལྐོག་འགྱུར་མིན་ཞེས་མཁས་པས་གསུངས།
སྐབས་རེར་དེ་ནི་བདེན་ནམ་སྙམ་པའི་དོགས་པ་ཆེ།
བློ་ཡི་གཡོ་བ་ཆེས་མྱུར་རབ་ཕྲ་བསླུ་བྲིད་ཅན་ཡིན་ཏེ།
ཉེན་ཁ་ཛ་དྲག་ཡུལ་དང་མ་འཕྲད་རྟོགས་མི་ནུས།
༼༦༽
འོ་མ་དཀྲོགས་པས་རོ་མཆོག་མར་བྱུང་བཞིན།
རང་རྒྱུད་བློ་ཡི་བག་ཆགས་རྐྱེན་ངན་དག་གིས་མངོན།
རང་ཉིད་གཞན་ལས་ལྷག་པ་ང་ལ་མཐོང་འདོད་མེད།
སོ་སོའི་གནས་བབ་ངོ་མ་རྟོགས་ན་དགའ་བདེ་བའོ།
༼༧༽
སྙིང་པོ་ལེན་གྱི་འགྲོ།
དྲང་བདེན་བཙའ་གྱིན་འགྲོ།
ཞེད་སྣང་སྐྱེས་བཞིན་འགྲོ།
གདེང་ཚོད་མེད་ཀྱང་འགྲོ།
༼༨༽
འཇིག་རྟེན་བརྟག་གིས་འགྲོ།
དམ་ཆོས་ཚོད་ལྟར་འགྲོ།
བླ་མར་སྐྱབས་སུ་འགྲོ།
རང་ངོ་ཤེས་པར་འགྲོ།
༼༩༽
ཡ་ང་གཡུལ་སར་འགྲིམ་པར་བླ་མ་མཁྱེན།
འཆི་རྐྱེན་གཤིན་རྗེ་མཐོང་སར་བླ་མ་མཁྱེན།
བདག་གི་ང་རྒྱལ་བཅོམ་པར་བླ་མ་མཁྱེན།
སྐྱབས་གནས་གཉིས་མེད་རྟོགས་པར་བླ་མ་མཁྱེན།
༼༡༠༽
ཇི་སྲིད་ནམ་མཁའ་གནས་པ་དང་།
འགྲོ་བ་ཇི་སྲིད་གནས་འགྱུར་བ།
བདག་ཀྱང་དེ་སྲིད་གནས་གྱུར་ནས།
འགྲོ་བའི་སྡུག་བསྔལ་སེལ་པར་ཤོག།
















Comments

Popular posts from this blog

ཁྱོད་ལ་ཉི་མ་དང་ང་ལ་ཟླ་བ་དེ

The Reflection of Tecelction

啊!